འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།བོད་ཀྱི་མི་གྲངས་དང་ད་ལྟའི་འཇིག་ཉེན།

འདེམ་ཤོག 0

༄༅།།བོད་ཀྱི་མི་གྲངས་དང་ད་ལྟའི་འཇིག་ཉེན།   

དུང་དཀར་ཡོན་ཏན་རྒྱ་མཚོ།  ཅོ་ནེ།                                     

བོད་མི་རིགས་ཆེན་པོའི་མི་གྲངས་ཀྱི་ཐད་ནས་དཔྱད་གཞིའི་ཡིག་ཆ་ཉུང་ལ་ལྷག་པར་དུ་བོད་རང་གིས་བྲིས་པ་ཉུང་བས་འདི་དང་འདི་འོ་ཞེས་ཁ་ཚོན་ཆོད་པ་ཞིག་བཤད་དཀའ་ནའང་ལོ་རྒྱུས་ཡིག་ཆ་འགའི་ཚིག་ཟུར་དང་ཡང་ན་མི་རིགས་གཞན་གྱི་མཁས་པའི་དཔྱད་རྩོམ་ལས་རིག་པ་དག་དང་འབྲེལ་ཅུང་ཙམ་གླེང་བར་བྱ་ལ།          

དང་པོ།  

བོད་གདོད་མའི་དུས་སྐབས་སུ་མི་གྲངས་ཇི་ཙམ་ཡོད་དམ་ཞེས་ན།  སྐབས་དེར་བོད་རང་ལ་ཡི་གེ་མ་དར་བ་དང་མི་གྲངས་ཀྱང་གཅིག་གྱུར་གྱིས་བརྩི་སྲོལ་ཡོད་མེད་མ་ངེས་པས་ཤེས་དཀའ་ནའང་།  ཐོག་མའི་དུས་སུ་བྲག་སྲིན་མོ་དང་སྤྲེའུ་གཉིས་ལས་བུ་དྲུག་བྱུང་བ་ལྷོ་ཁའི་མགོན་པོའི་རི་ནས་རིམ་གྱིས་འཕེལ་ཏེ་གངས་ལྗོངས་མཐོ་སྒང་གི་ས་ཕྱོགས་ཀུན་ཏུ་ཁྱབ།   བསེ་རྨུ་སྟོང་ལྡོང་སོགས་རུས་ཆེན་བཞི་རུ་གྱེས་ཤིང་།  དེ་ནས་ཚོ་ཁག་ཀྱང་མང་དུ་འཕེལ་བར་བྱས།  ཡུན་གྱིས་རྒྱལ་ཕྲན་སིལ་མའི་རྣམ་པར་ཆགས་ཤིང་གནའ་བོའི་རྡོ་ཆས་གསར་རྙིང་གི་སྐབས་སུ་མཐོ་བོད་མཐོ་སྒང་དང་ཁྲོན་བོད་མཐོ་སྒང་།  ཡན་ཀོས་མཐོ་སྒང་གི་རི་ལུང་ཐང་གསུམ་བཟུང་ནས་འཚོ་བ་རོལ་བ་ཡིན།  སྐབས་དེར་མི་གྲངས་ཁྲི་ཚོ་བཅུ་ཙམ་ལས་མེད་པར་བཤད་སྲོལ་འདུག                                         

གཉིས་པ།  

བོད་བཙན་པོའི་རྒྱལ་རབས་དབུ་བཙུགས་པ་ནས་ཆེས་སྔ་བའི་རྒྱལ་བོ་གཉའ་ཁྲི་བཙན་པོའི་སྔ་རོལ་ཡུལ་ཞང་ཞུང་ལ་དེའི་སྔོན་ནས་རྒྱལ་རབས་བཅོ་བརྒྱད་སོང་ཡོད་པ་ནི་ལོ་རྒྱུས་ཀུན་ལས་ཡོངས་གྲགས་ལྟར་དང་།  དེ་དུས་ཞང་ཞུང་ལ་སྒོ་ཕུགས་བར་གསུམ་དབྱེ་ཞིང་ཚོ་ཁག་160ཡོད་པར་འདོད།  ཡིན་ནའང་མི་གྲངས་ཐད་ཀྱི་དཔྱད་གཞིའི་ཡིག་ཆ་ད་སྔ་རིག་རྒྱུ་མེད་པས་ཚོད་དཔག་བྱེད་ཐབས་དཀའ་ནའང་།  སོག་པོའི་བྱུང་རབས་ཟིན་ཐོ་ཞེས་པའི་ལོ་རྒྱུས་ལས།  གཉའ་ཁྲི་བཙན་པོ་ནི་མཐའ་བཞིའི་ཚོ་ཁག་དག་ལས་རྣམ་པར་རྒྱལ་ཏེ་བོད་འབངས་ཁྲི་བརྒྱད་བཅུའི་རྗེ་བོར་གྱུར་ཏོ་ཞེས་བྱུང་བ་ལྟར་ན།  གཉའ་ཁྲིས་སྲིད་དབང་བཟུང་ནས་སྲ་བརྟན་དུ་གྱུར་དུས་མངའ་འོག་ཏུ་འབངས་མི་ཁྲི་བརྒྱད་ཅུ་ལྷག་ཡོད་པ་ཨེ་ཡིན་སྙམ།  འདི་ནི་ཡར་ཀླུང་ཚོ་ཁག་སྐོར་ཞིག་གི་མི་གྲངས་ཡིན་པ་ལས་དེའི་ནང་དུ་སྐབས་དེར་མངའ་ཁོངས་སུ་མ་འདུས་པའི་དབུས་གཙང་དང་མདོ་ཁམས་ཀྱི་བོད་མིའི་མི་གྲངས་འདུས་མེད་པ་ནི་ཤེས་གལ་ཆེ།  དེ་བས་སྐབས་འདིར་ཡང་སྙིང་བོད་ལ་མི་གྲངས་ག་ཚོད་ཡོད་པ་རྟོགས་མི་ཐུབ།                       

གསུམ་པ། 

བོད་ཆེན་པོའི་སྐབས་སུ་བོད་ཀྱི་ལོ་རྒྱུས་ཡིག་ཆ་བཀའ་ཐང་སྡེ་ལྔ་ལྟར་ན་སྐབས་དེའི་བོད་ཀྱི་དམག་གྲངས་ཁོ་ན་ཁྲི་286ཡོད་པར་བཤད།  ཡིན་ནའང་དེའི་ནང་དུ་བོད་ཆེན་པོའི་མངའ་ཁོངས་ཡིན་པའི་ཞང་ཞུང་སྟོང་སྡེ་བཅུ་དང་སུམ་པའི་སྟོང་སྡེ་བཅུ་གཅིག་སྟེ་སྟོང་སྡེ་ཉེར་གཅིག་འདུས་མེད།  དེ་དག་ཀྱང་བཀའ་ཐང་སྡེ་ལྔ་ལྟར་རྩིས་པ་ཡིན་ན་སྐབས་དེའི་བཙན་པོའི་མངའ་འོག་ཏུ་སྟོང་སྡེ་61ལ་སྡོམ་པས་དམག་གྲངས་ཁོ་ན་ཁྲི་426ཡོད་པ་ཤེས་ཐུབ།  སྐབས་དེའི་བོད་སྤྱིའི་མི་གྲངས་ནི་ཧན་ཕྱི་མའི་ལོ་རྒྱུས་སོགས་རྒྱའི་ཡིག་ཚང་ལྟར་བཤད་ན།  ཡ་ཧན་ཀྲང་གིས་དུས་རབས་བདུན་པའི་ནང་ཐུ་བྷོད་ཀྱིས་དབང་བསྒྱུར་བའི་བོད་ཀྱི་མི་གྲངས་ནི་ཕལ་ཆེར་ཁྲི་1000ཡོད་པར་གླེང་འདུག་ལ།  ཀྲང་ཐིན་ལུའུ་ཡི་མི་གྲངས་དང་དཔལ་འབྱོར་ཞེས་པ་རུ་སྤྱི་ལོ་634ལོར་བོད་ལྗོངས་ཀྱི་མི་གྲངས་ཁྲི་1000ཡོད་པ་དང་།  སྤྱི་ལོ་1737ལོར་ཁྲི་800མར་འགྲིབ་ཅིང་།  དམངས་གཙོ་བཅོས་སྒྱུར་གྱི་སྐབས་སུ་མི་གྲངས་ཁྲི་119ལས་ལྷག་མེད་ཚུལ་བཤད།  ཚེ་ཞིན་ཧྲིན་གྱི་བོད་ལྗོངས་མཐོང་ཐོས་སུ་བོད་ཀྱི་མི་གྲངས་ཁྲི་1000ཡོད་པ་ལས་མར་འགྲིབ་སྟེ་1927ལོར་ཁྲི་600ཡོད་ལ།  དམངས་གཙོ་བཅོས་སྒྱུར་གྱི་སྐབས་སུ་མི་གྲངས་ཁྲི་100ཙམ་ལས་ལྷག་ལུས་མེད་པར་བཤད།           

བཞི་བ།  

ས་སྐྱ་བའི་སྐབས་བོད་ཀྱི་མི་གྲངས་ནི་འདི་ལྟར་ཡིན་ཏེ།  ཡོན་གོང་མས་བོད་ཆོལ་ཁ་གསུམ་དུ་བགོས་ནས་དོ་དམ་བྱས་ཤིང་ས་སྐྱ་བར་འབུལ་སྐབས།  དབུས་གཙང་དུ་མི་གྲངས་ཁྲི་15དང་།  མདོ་སྟོད་ཆོལ་ཁར་མི་གྲངས་ཁྲི་6དང་།  མདོ་སྨད་ལ་མི་གྲངས་ཁྲི་1ཙམ་ལས་མེད་པར་གླེང་།  1335ལོར་ཡོན་གོང་མའི་བཀའ་ལུང་ལྟར་དབུས་གཙང་ཆོལ་ཁའི་ཁྱིམ་ཚང་གི་གྲངས་ཀ་ལ་ཞིབ་བཤེར་བྱས་སྐབས་ཁྱིམ་ཚང་43615ཡོད་པ་དང་།  ཁྱིམ་གཅིག་རེར་མི་6གི་དབང་དུ་བྱས་ཏེ་རྩིས་ན་མི་གྲངས་261690ལས་མ་བྱུང་བར་བཤད་།  འདིའི་ཁོངས་སུ་ཆོས་པ་འམ་དགེ་འདུན་པ་འདུས་མེད་པ་རེད།  སྤྱི་ལོ་1277ལོར་འགྲོ་མགོན་འཕགས་པའི་ཆུ་མིག་ཆོས་སྐོར་གྱི་སྐབས་སུ་དབུས་གཙང་ཁོ་ནར་དགེ་འདུན་པའི་གྲངས་ཀ་ཁྲི་7ཡོད་པར་བཤད་ཡོད།  གང་ལྟར་ས་ཕག་གང་གི་སྐབས་སུའང་བོད་འབངས་སྤྱིའི་མི་གྲངས་སྐོར་གྱི་ཡིག་ཆ་ཡིད་སྟོན་རུང་བ་ཞིག་རིག་རྒྱུ་མེད།  ཡིན་ནའང་ལོ་རྒྱུས་སྨྲ་བ་སྡེ་རོང་ཚེ་རིང་དོན་འགྲུབ་ཀྱི་བཤད་ཚུལ་ལྟར་བཀོད་ན།  སྐབས་དེར་དབུས་གཙང་ཁུལ་དུ་ཕལ་ཆེར་མི་གྲངས་ཁྲི་200ལྷག་དང་།  མངའ་རིས་སྐོར་གསུམ་ལ་ཁྲི་12ལྷག   ཨ་མདོ་རུ་ཁྲི་280ལྷག    ཁམས་ཕྱོགས་སུ་ཁྲི་50ལྷག་སྟེ།  བསྡོམས་པས་བོད་འབངས་ཁྲི་542ཙམ་ལས་མེད་པར་བཤད།  སྡེ་རོང་གི་མི་གྲངས་ཁོངས་སུ་བོད་ཀྱི་སེར་སྐྱ་ཚང་མ་འདུས་ཡོད་པ་རེད།  དགའ་ལྡན་ཕོ་བྲང་གི་དུས་སུ་བོད་ལ་མི་གྲངས་བསྡོམས་པས་4134570ལྷག་ཡོད་པར་བཤད།   གང་ལྟར་ཡང་དམངས་གཙོའི་བཅོས་སྒྱུར་སྐབས་བོད་ལ་མི་གྲངས་ཁྲི100ཙམ་ལས་མེད་པར་བཤད་པ་འདིས་ང་ཚོ་ལ་ཉེན་བརྡ་ཆེན་པོ་ཞིག་བཏང་བྱུང་བ་དང་།  ཉེན་བརྡ་འདིའི་རྒྱུ་རྐྱེན་ནི་སྐབས་དེར་སིལ་བུའི་དུས་ཡིན་པས་ལུང་བ་རེ་དང་དཔོན་པོ་ཞེས་པ་ལྟར་གཙོ་བོ་གྲུབ་མཐའ་ཕན་ཚུན་དང་དཔོན་པོ་མཆོད་གཞིས་བར་ནང་འཁྲུག་མང་བ།  གཅིག་གྱུར་གྱི་རྒྱལ་བོ་དང་སྲིད་གཞུང་མེད་པས་མཐའ་འཁོབ་ཀྱི་བོད་སྡེ་མང་པོ་ཞིག་གཞན་དང་འདྲེས་ཏེ་རང་གི་སྐད་ཡིག་དང་ཡུལ་སྲོལ་བོར་བ།  རབ་བྱུང་གི་སྡེ་ཧ་ཅང་མང་དུ་འཕེལ་བས་ཕོ་མོའི་བསྡུར་ཚད་མ་སྙོམས་པར་འཐབ་འཁྲུག་ལས་ཀྱང་ཚབ་ཆེན་གྱིས་ཇེ་ཉུང་དུ་སོང་བ་སོགས་ཀྱིས་ཡིན་ཞིང་།  ལྷག་པར་དུ་རབ་བྱུང་བ་འཕེལ་བས་བོད་ཀྱི་མི་གྲངས་ཐད་ལ་འགྲིབ་ཚད་ཆེན་པོ་བྱུང་བ་རེད།  ཕག་གྲུ་བའི་སྐབས་དབུས་གཙང་ཁོ་ན་རུ་གྲྭ་བ་ཁྲི་བདུན་ཙམ་ཡོད་པར་བཤད་ལ།  ཁྲི་བདུན་པོ་དེར་བསམ་བློ་ཞིག་བཏང་ན།  གྲྭ་བ་ཁྲི་བདུན་པོ་དེ་ལོ་ཉེར་དགུ་ཡིན་པའི་དབང་དུ་བྱས་ན།  གྲྭ་བ་རེས་བྱིས་པ་གསུམ་རེ་བཙས་པ་ཡིན་ན་དབུས་གཙང་གི་མི་གྲངས་ཁྲི་ཉེར་གཅིག་གིས་འཕར་སྲིད་པ་དང་།  དེའི་རྗེས་ཀྱི་ལོ་ཉེར་དགུའི་ནང་མི་གྲངས་ཁྲི་ཉེར་གཅིག་འཕར་བ་ཡིན་ན་ལོ་ལྔ་བརྒྱད་ནང་བོད་ལྗོངས་ཁོ་ནའི་མི་གྲངས་ཁྲི་ཞེ་གཉིས་འཕར་སྲིད་པ་རེད།   དེ་བས་ཤི་ཆད་བྱུང་བ་དག་བླངས་ནའང་མི་གྲངས་ཁྲི་ཉི་ཤུ་ལྷག་འཕར་སྲིད་པ་ནི་ཕལ་ཆེར་གཏན་ཁེལ་བ་རེད།  དེ་བཞིན་དུ་ཁམས་དང་ཨ་མདོའི་ཕྱོགས་སུའང་གྲྭ་གྲངས་ཧ་ཅང་མང་བ་ནི་བཤད་མ་དགོས་པ་ཞིག་རེད།  

གནས་ཚུལ་གཞན་ཞིག་ནི་འདིར་ཆེད་དུ་འགོད་པར་བྱ་ལ།  དེ་ནི་དེང་གི་བོད་ཁུལ་གྱི་རྒྱ་རིགས་ཚང་མའི་ཐོབ་ཐང་ལག་ཁྱེར་སྟེང་བོད་རིགས་ཞེས་བྲིས་ཡོད་པ་དང་ཁྱིམ་ཐོ་འང་དེ་ལྟར་ལས་འདུག་པ་འདི་རེད།  གལ་སྲིད་བོད་ཀྱི་མི་གྲངས་ཞིབ་བཤེར་བྱེད་པའི་དབང་དུ་བྱས་ན་འདི་དག་ནི་དེའི་གྲལ་དུ་ཡོད་པ་རེད།  དེས་ན་དོན་ངོ་མར་བོད་རྐྱང་བར་མི་གྲངས་ག་ཚོད་ཡོད་པ་དེ་སུས་ཀྱང་ཚོད་དཔག་བྱེད་དཀའ་ལ།  བོད་རིགས་རྫུན་མ་གྲངས་ལས་འདས་པ་ཞིག་གིས་བོད་ཀྱི་ཚབ་བྱས་ཡོད་པ་འདི་འཐབ་འཁྲུག་ལས་ཀྱང་འཇིགས་སུ་རུང་བའི་བྱ་བ་ཞིག་རེད།  དེ་བས་འདིའི་སྐོར་ལ་ང་ཚོས་ངེས་པར་དུ་སྐད་ཆ་རེ་བཤད་དགོས་ས་རེད་དོ།།༢༠༡༧-༦-༣༠

ཆེས་གསར་བའི་དྲི་བ། ཟླ 7 20, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...