འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།དམག་དཔོན་ཞིག་གིས་བཏབ་པའི་དགོན་ཆེན།

འདེམ་ཤོག 0

༄༅།།དམག་དཔོན་ཞིག་གིས་བཏབ་པའི་དགོན་ཆེན།

དུང་དཀར་ཡོན་རྒྱ་མཚོ།   ཅོ་ནེ།                       

བླ་མའི་མཛད་འཕྲིན་ལ་དགའ་བ་དྲག་པོ་སྐྱེས་ནས་ཁོང་གི་རྣམ་ཐར་ལས་ཚུལ་བསྟན་དང་སྤྲུལ་བ་སོགས་ཕྱིར་བསྡུས་ནས་དངོས་ཡོད་གནས་ཚུལ་དེ་ཉུང་ཙམ་ཞུས་པ་ཡིན། མདོ་ལྷོ་ཁུལ་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གྱ་བདུན་ཙམ་གྱི་ས་ན་ཆས་པའི་སྤྱི་དགོན་ནམ་བཀྲ་ཤིས་ཆོས་འཁོར་གླིང་ཞེས་པ་ཞིག་ཡོད་ཅིང་། དེ་ནི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཤིག་ཡིན། མདོ་སྔགས་གཉིས་ལྡན་གྱི་གདན་ས་ཁྱད་པར་ཅན་འདི་ནི་རབ་བྱུང་བཅོ་ལྔ་བའི་མེ་ཁྱི་སྟེ་སྤྱི་ལོ་༡༨༨༥ལོར་བདག་གི་བླ་མ་དམ་པ་ཚྭ་ཀྭན་ཧོ་ཐོག་ཐུ་རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་སྐུ་ཕྲེང་དང་པོས་ཕྱག་འདེབས་མཛད་པ་དང་། དུས་གསར་རྗེས་སུ་སླར་གསོ་བྱས་ནས་ད་བར་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པ་རེད།  འོན་ཀྱང་དགོན་སྡེ་ཆེན་པོ་འདི་གནས་བབས་ཅི་འདྲ་དང་མི་སྣ་གང་འདྲ་ཞིག་གིས་རྒྱུ་རྐྱེན་གང་འདྲ་ཞིག་གི་འོག་ནས་བཏབ་པ་ཡིན་ནམ་ཞེས་ན། ཆོས་སྲིད་རིག་གནས་གང་ཅིའི་ཐད་ནས་གཞན་དང་མ་འདྲ་བའི་མཁྱེན་དཔྱོད་མངའ་བ་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་མཚན་གནང་བ་(ཆོས་དཔལ་ཞིང་)གི་ཡར་སྒར་དང་མར་སྒར་གཉིས་ལས་མར་སྒར་ཞིང་ཁམས་སྡེ་བ་ནས་༡༨༣༥ལོར་སྐུ་འཁྲུངས་ཤིང་། བྱ་འོག་དགེ་བཤེས་ཚང་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་བསྟན་པའི་སྒོར་ཞུགས། ཁོང་ནི་ཧ་ཅང་གི་བློ་རྣོ་བ་དང་རྣམ་དཔྱོད་ལྡན་པ་ཞིག་ཡིན་པས་གང་བསླབ་ཚང་མ་མྱུར་དུ་ཤེས་མཁན་གྱི་སྐྱེས་བུ་རྨད་དུ་བྱུང་བ་ཞིག་ཡིན་པས། དགུང་ལོ་བཅུ་གསུམ་ཐོག་ཨ་ཁུ་ངག་དབང་ཟེར་བ་སོག་ཡུལ་ན་སྦྱིན་བདག་མང་མཁན་ཞིག་གི་ཞབས་ཕྱིར་ཕེབས་ནས་རིང་བོ་མ་ལོན་པར་ཕྱིར་རང་ཡུལ་ལ་ཕེབས། དུས་སྐབས་དེ་ནི་ཆིན་རྒྱལ་རབས་ཀྱི་མཇུག་ཙམ་ཡིན་ལ།  ཆིན་གྱི་མངའ་འོག་ནས་ཧེའི་དམག་གིས་འོས་ལངས་བྱས་ཏེ་སོག་ཡུལ་གྱི་མི་སེར་ལ་བཙན་འཛུལ་དང་གཉའ་གནོན་འཕྲོག་བཅོམ་སོགས་བསམ་ཡུལ་འདས་ཤིང་།  གནས་དེའི་མི་སེར་དག་དམྱལ་ཁམས་དུ་ལྷུང་བ་ལྟ་བུའི་དུས་སུ་སླེབས་འདུག   གཅིག་ནས་ཀླ་ཀློའི་དམག་གི་བཙན་འཛུལ་དང་གཉིས་ནས་སངས་རྒྱས་བསྟན་པ་རིན་པོ་ཆེ་གནས་ཕྱིར་དང་རང་དགོན་འདི་ཉིད་འདེབས་ཆེད།  གསུམ་ནས་ཧེ་དམག་དེ་དག་སྡིག་པའི་ལས་ལས་ལྡོག་ཕྱིར་ལོ་རྒྱུས་གཞན་དང་མ་འདྲ་བ།  མཛད་པ་གཞན་དང་མ་མཐུན་པའི་རྣམ་ཐར་ངོ་མཚར་བ་འདིའི་དབུ་བརྩམ་ཞིང་།   འདི་ནས་བཟུང་ཁོང་གིས་སོག་ཡུལ་གྱི་གནས་སྟངས་སྡུག་པོ་དེ་དག་ལ་སེམས་ཁུར་གྱི་མགོ་བརྩམ་པ་ཡིན་པར་འདོད།  སླར་ཡང་དགུང་ལོ་བཅོ་བརྒྱད་པ་ནས་ཕྱིར་སོག་ཡུལ་ལ་ཕེབས་ནས་ཆེན་པོ་ཧོར་གྱི་ཡུལ་ནས་ཆོས་ཀྱི་སྦྱིན་བདག་དང་དད་ལྡན་གྲངས་མེད་ཀྱི་ཡིད་འཕྲོག་པར་བྱས། དེ་ནས་ལན་གྲངས་དུ་མར་སོག་ཡུལ་དུ་བྱོན་ནས་ནད་དང་སེར་བ་སོགས་བཅོས་པར་མཛད་པ་དང་དགུང་ལོ་སོ་གཅིག་པ་ལ་ཧོས་ཧོས་སམ་ཟ་ལེར་གྱི་དམག་མང་པོ་གློ་བུར་དུ་སླེབས་ནས་རྒྱ་ནག་རྒྱལ་བོས་སོག་ཡུལ་དུ་བཞག་པའི་ཨམ་བྷན་གསུམ་ལས་ཆེ་བ་བསད། ཡུལ་ཁམས་ཐམས་ཅད་དམག་འཁྲུག་གི་འཇིགས་པས་སྡོད་མི་ཐུབ་པ་ལྟ་བུ་བྱུང་ནས་ཡུལ་དེའི་སོག་འབངས་རྣམས་ཀྱིས་སྡུག་བསྔལ་ཆེན་པོ་མྱོང་། སྐབས་དེར་རྒྱ་ནག་གོང་མའི་མངའ་འོག་གི་སོག་པོ། མན་ཇུ་བ། ཞི་བ། སོའི་ལན། ས་མཚམས་ཀྱི་རྒྱ་མི་སོགས་ལ་ཟ་ལེར་གྱི་བཙན་འཛུལ་འཕྲོག་བཅོམ་གྱིས་གྲོང་སྡེ་དང་མཁར་སྟོང་ཁྲག་མང་པོ་བཤིག   ངོ་རྒོལ་བྱེད་མཁན་གྱི་མི་མཐོང་ཚད་བསད། ཡུལ་དེའི་ལྷ་ཁང་འདུ་ཁང་སྐུ་གསུང་ཐུགས་རྟེན་གང་ཡོད་བཅོམ།  སྐུ་ཐང་རྣམས་སྒ་སྟན་བྱས། གླེགས་བམ་རྣམས་ཉལ་ཁྲི་བྱས། ཟས་ནོར་ཐམས་ཅད་ཚོད་མེད་དུ་ཕྲོགས། དེ་འཕྲོག་མཁན་གྱི་དམག་གི་དཔུང་ལའང་ཕྱོགས་མང་པོ་ཡོད་དེ། ཧོས་ཧུ། ཧོ་ཐན། ཧཱ་སག། ཟ་ལར། ཨོ་རུ་སུ། ཨན་ཅི་ཡན་སོགས་ནང་བསྟན་ལ་མི་དད་པའི་དམག་དཔུང་མང་པོས་ཡུལ་དེ་ཆ་གསུམ་དུ་བགོས་ན་ཤུལ་དུ་ལུས་པའི་ཆ་གཅིག་ཙམ་ཡོད་པ་ཡང་གསོན་པོར་མེ་དོང་དུ་ཚུད་པ་ལྟ་བུའི་སྡུག་བསྔལ་དང་འཇིགས་སྣང་བྱིན།                       


སྐབས་དེ་འདྲ་ཞིག་ལ་ཁོང་གིས་ནང་བསྟན་ལ་ལོག་པར་འཁུ་ཞིང་ཉེ་མེད་སེམས་ཅན་ལ་གནོད་ཅིང་འཚེ་བའི་ནག་ཕྱོགས་པ་འདི་དག་མ་འདུལ་ན་ཡུལ་འདིའི་ཆོས་སྲིད་གང་ལའང་གནོད་པ་ཙམ་དུ་མ་ཟད་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད་པར་དགོགས་སྟེ། དགུང་ལོ་སོ་གཉིས་པ་ལ་ཡུལ་དེའི་ཞི་ནས་ཨང་ཀའི་དགོན་པ་ཞེས་པའི་རྟེན་གྱི་གཙོ་བོ་རྒྱལ་བ་བྱམས་པའི་སྐུ་བརྙན་གསུང་འབྱོན་མར་གྲགས་པ་ཞིག་གི་དྲུང་ནས་ཆོས་ལུགས་ཀྱི་ཆོ་ག་ལྟར་བསླབ་པ་ཕུལ་བར་མཛད། དེ་ནས་ཁོང་གིས་ཡུལ་དེའི་དམག་ལ་འགྲོ་འདོད་མཁན་གྱི་སྐྱེ་བོ་རྣམས་བསྡུས་ནས་དམག་གི་ལམ་རྒྱགས་དང་དམག་འཐབ་ཀྱི་ཚུལ་སོགས་བཀོད་འདོམས་ལེགས་པར་གནང་ནས་དམག་མི་སྟོང་ཕྲག་གཅིག་ཙམ་ཁྲིད་ནས་ལམ་ལ་ཆས་པར་བྱས།
དེ་ནས་ཟླ་གསུམ་པའི་ཚེས་བཅུ་དགུ་ལ་ཧོས་ཧུའི་དམག་སྟོང་ཕྲག་མང་པོ་ཡོང་བ་ཤེས་ནས་ཚེས་བཅོ་བརྒྱད་ལ་དམག་མི་སུམ་ཅུ་ཙམ་ཁྲིད་ནས་སོང་བ་ན་དམག་མི་ཚང་མས་ཕ་རོལ་བོའི་དམག་སྟོབས་ཆེ་བས་ང་ཚོ་དམག་མི་སུམ་ཅུ་ཙམ་གྱིས་ཅི་བྱེད་ཅེས་ལྐོག་བཤད་བྱེད་ཞོར་སྐྲག་ནས་འདུག་པ་མ་ཟད་ཁོང་ལ་ཡང་ཞུས་པས།སྐྲག་མི་དགོས་ང་ཡོད་པས་དགྲ་ངན་རྣམས་ལ་འཐབ་དགོས་གསུངས་ཏེ་མི་སུམ་ཅུ་བོ་ཁྲིད་ནས་ཧོས་ཧུའི་དམག་ནང་དུ་རྒྱུགས་པས་ཧོས་དམག་རྣམས་ཀྱིས་མཚོན་ཆ་དང་ཟ་འབྲུ་རྟ་སོགས་གྲངས་མེད་པ་ཞིག་བསྐྱུར་ནས་བློ་བུར་དུ་བྲོས། དེ་ནས་མི་སུམ་ཅུ་བོས་དམག་མི་སྟོང་ཕྲག་མང་པོ་བསད་ནས་མེ་མདའ་ཆེན་པོ་བརྒྱད་ཕྲོགས། རྔ་མོང་བརྒྱད་ཅུ། རྟ་སྒ་ཅན་སྟོང་ཕྲག་དུ་མ།སྒ་མེད་ལྔ་བརྒྱ་བཅས་བླངས་ནས་ཕྱིར་བྱོན། དེ་ནས་ཡང་ཐར་པཱ་ཀཱ་ཐའི་མཁར་ཆེན་པོར་ཨམ་བྷན་གཙོས་མི་ཁྲི་ཕྲག་མང་པོ་ཡོད་པ་དེ་ཧོས་ཧུའི་དམག་གིས་བསྐོར་ནས་དེར་གནས་པའི་མི་རྣམས་ཕར་འགྲོ་ཚུར་འབྲོས་མེད་པར་བྱས་ཏེ་མུ་གེའི་གནས་སུ་བསྐྱལ་བ་ན།   ཁོང་གིས་དམག་སྟོང་ཕྲག་གཅིག་ཙམ་ཁྲིད་ནས་ཟླ་བཞི་བའི་ཚེས་བརྒྱད་ལ་ཕྱོགས་དེར་ཕེབས་པའི་ལམ་བར་ནས་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པར་ཧོས་ཧུའི་དམག་ཁྲི་ཕྲག་མང་པོ་དང་གདོང་ཐུག་སྟེ་གཡུལ་འཐབ་བྱས་ཀྱང་རྒྱལ་ཁ་མ་ལོན་པར་ཕྱིར་ལོག་ནས་དམག་མི་ཚོར་དཔའ་ངར་བསྐྱེད་པའི་དམག་གཏམ་འཇིགས་སུ་རུང་བ་བསམ་ན་འདུག་མི་ཐུབ་པ་ལྟ་བུའི་བཀའ་བཙན་ཞིང་བརྗིད་པ་བབས་ནས་མི་ཆུང་ང་རང་ཕར་ཞོགས་གླིང་གེ་ཟར་ཟེར་བའང་ཉི་མ་གཅིག་ལ་ཕམ་གཅིག་ལ་རྒྱལ་བའི་ལོ་རྒྱུས་ཡོད། སང་ཉིན་དགྲ་ངན་དེ་དག་ངས་གཞོམ་མ་ཐུབ་ན་ཁྱེད་ཚོ་ཕྱིན་ཆད་ངའི་རྗེས་སུ་འབྲང་མི་དགོས། ཡིད་མ་ཆད། ང་ལ་ཡིད་ཆེས་མཁན་ཡོད་ན་ཧོས་ཧུའི་དམག་གི་མེ་མདའ་ཆེན་པོའི་ཁ་ནས་འཛིན་ནུས་པའི་དཔའ་བོ་ཡོད་ན་ཚུར་ཤོག་གསུངས་པས། དཔའ་བོ་བཞི་བརྒྱ་མདུན་ལ་ཡོང་ནས་ཁས་ལེན་བྱས། འདིའི་ནང་ན་ཧོས་དམག་དང་གཡུལ་བསྲེས་སྐབས་ང་དང་མཉམ་དུ་ཐོག་མར་འཐབ་ཅིང་རྒྱུགས་ནུས་པའི་དཔའ་བོ་སྙིང་སྟོབས་ཅན་དུ་ཡོད་གསུངས་པས། འཇིགས་སྐྲག་དང་ཚམ་ཚོམ་མེད་པར་ཐོགས་མེད་དུ་འཇུག་ནུས་པའི་དཔའ་བོ་ལྔ་བརྒྱ་ཐམ་པ་བྱུང་། དེ་ནས་དམག་ལུགས་ལྟར་སྒར་བཏབ་ནས་ཚེས་བཅུ་གཉིས་ཉིན་གྱི་སྐྱ་རེངས་ཤར་བའི་དུས་སུ་དམག་བརྡ་བཏང་། དམག་དུང་བུས། དམག་དར་རྣམས་བསྒྲེངས་ཏེ་མཚོན་ཆ་སྣ་ཚོགས་ཐོགས་པ་དང་བཅས་ཏེ་ཧོས་ཧུའི་དམག་གི་དཔུང་ཆེན་མཐོང་པའི་ཉེ་སར་སླེབས་པ་ན། དགྲ་ཕྱོགས་སུ་གློ་བུར་དུ་རྒྱུགས་ནས་གཡུལ་བསྲེས་པས་ཚུར་རྒོལ་བའི་དགྲ་སྡེའི་དཔུང་ཚོགས་གྲངས་མི་ཟིན་པ་རྣམས་ཡུད་ཙམ་གྱིས་ཕམ་པར་བྱས། དེ་ནས་ཚེས་གཅིག་ཉིན་མཁར་སྒོར་ཕེབས་པ་ན་མཁར་ནང་གི་ཨམ་བྷན་གཙོ་བའི་མི་རྒན་གཞོན་ཚང་མ་བསུ་བར་འབྱོར། 

དེ་ནས་ཨམ་བྷན་དང་མི་ཆེན་ཚོས་ས་ཆེན་པོའི་རྡུལ་གྲངས་དང་མཉམ་པའི་དགྲ་དམག་ཐམས་ཅད་འཇོམས་པར་བྱེད་ནུས་པའི་དཔའ་བོ་ཆེན་པོ་ཁྱེད་གང་ནས་འོང་བྱང་ཆུབ་སེམས་དཔའ་ཞིག་ཡིན་ནམ་སྙམ་ལགས།                                     

ས་ཆ་ཡུལ་ཕྱོགས་གང་གི་ཡིན།། 
བླ་མ་མིང་ཆེན་སུ་ཞིག་ཡིན།། 
ཆེད་དོན་ཡོང་པའི་དགོས་པ་ཅི།།
ཡོན་ཏན་རྫུ་འཕྲུལ་ཅི་ཞིག་ཡོད།། 
བླ་ཆེན་དྲང་པོར་དེང་གསུངས་ཤིག། 
གོང་མར་སྙན་གསན་འབུལ་དགོས་ཡིན།།
ཞེས་ཞུས་པའི་ལན་དུ། ཁོང་གིས་གསུངས་པ། 

ཅོ་ནེའི་དཔོན་པོའི་མངའ་འོག་ཡིན།།
བླ་མ་མིང་ཆེན་ཅི་ཡང་མིན།། 
ཡོན་ཏན་རྫུ་འཕྲུལ་གང་ཡང་མེད།།
སྤྲང་ཆུང་སློང་མོ་བྱས་ནས་འོངས།། 
མིང་ནི་ཀུན་དགའ་རྒྱལ་མཚན་ཟེར།། 
ཆེད་དོན་དགོས་པ་ཅི་ཡང་མེད།།

ཅེས་ཁེ་ཨམ་བྷན་ལ་ཞུས་པས། ཨམ་བྷན་གྱིས། བསྟོད་སྔགས་དང་གུས་ཕྱག་ཕུལ་ནས་རྒྱུ་མཚན་རྣམས་ཡི་གེར་བྲིས་ཏེ་ཁེ་ཨམ་བྷན་ཨུ་ཟེར་བ། ཡི་ལིའི་ཅང་ཅིན་མི་ཞིང་ཐིང་གི་མིང་བཞག་སྟེ་ཟུང་འབྲེལ་གྱི་ཡི་གེ་གོང་མ་ཚང་ལ་ཕུལ། མུ་འགོད།
 
༢༠༡༥-༩-༢༢ཉིན།


 

ཆེས་གསར་བའི་དྲི་བ། ཟླ 8 18, 2017 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...