རྣམ་དབྱེ་བཞི་པའི་གོ་དོན་གྱི་གསལ་བཤད།
གཤོག་སྒྲོའམ་ཕུན་ཚོགས་བཀྲ་ཤིས།
བརྡ་སྤྲོད་ཞེས་པ་འདིས་སུམ་རྟགས་གཉིས་ཀྱི་གཞུང་ཁོ་ན་མཚོན་པ་མ་ཡིན་ནའང་གཙོ་བོ་སུམ་རྟགས་གཉིས་ལ་ཐ་སྙད་འདི་སྦྱར་གྱིན་ཡོད།
འདི་ནི་བརྡ་ཆད་ཅིག་མ་ཡིན་ཕྱིན་བརྡ་མཐའ་དག་ར་སྤྲོད་པའི་དོན་ལ་འཇུག
དེ་ཡང་བརྡ་སྤྲོད་ཅེས་པ་འདི་བརྡ་ཆད་ཅིག་ཏུ་ངོས་འཛིན་བྱེད་པ་དང་ཐ་སྙད་འདིས་གཞུང་འདི་གཉིས་འབའ་ཞིག་བསྟན་ནོ་སྙམ་མཁན་རྣམ་ལ་གསལ་བཤད་ཀྱི་ཚུལ་དུ་ཞུས་པ་ཡིན།
ད་སྐབས་དཔྱད་གྲྭ་དང་དགོན་སྡེ་ཁག་ཡིན་ན་འདྲ་སློབ་ཆུང་སོགས་གང་ནས་ཡིན་ན་དགེ་རྒན་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་སློབ་མ་ཚོ་ཤེས་རིག་གི་གཤོག་ཟུང་སྨིན་ཐབས་བྱེད་རྒྱུ་ནི་ཁོ་ཚོས་འགན་འཁྲི་ཞིག་ཏུ་བརྩི་ཞིང་བྱེད་ཐབས་དེའི་འོག་ནས་རང་རང་གི་སློབ་བུ་དག་རང་ཉིད་ཀྱི་རྣམ་དཔྱོད་དང་གཞུང་ལུགས་རྒྱ་མཚོའི་ཁར་སྐྱེད་སྲིང་བྱེད་ཀྱིན་པའི་སྒང་ཡིན་ན། དེ་ཡང་ཐོག་མར་རིག་པའི་གནས་ལྔ་ལ་མཁས་པར་བྱ་དགོས་ཤིང་།
མ་ཕམ་པས། རིག་པའི་གནས་དག་ལ་མཁས་པར་མ་བྱས་ན། ། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར་གསུངས་པའི་ནང་ཚན་སྒྲ་རིག་པ་སྟེ་སུམ་རྟགས་གཉིས་ལ་དང་པོར་འཇུག་ནས་འདི་ཉིད་ལེགས་པར་ཤེས་ན་དོན་ལ་མི་རྨོངས་ཤིང་། འདི་ལ་ཡོན་ཏན་རྨད་བྱུང་ཡོད་ཚུལ་དང་དང་པོར་འདི་ཉིད་ལ་འཇུག་དགོས་ཚུལ་ཀྱང་། རྩ་བར་ལས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། ། ཞེས་དང་། ཡང་རྩ་བར། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོར་ང་རོ་རྣམས་ལ་སྦྱང་། ། ཞེས་དང་། ཐུ་མིའི་དགོངས་རྒྱན་ལས་ཀྱང་། སྒྲ་ཤེས་དོན་ལ་མི་རྨོངས་ཞེས། ། རྒྱ་བོད་མཁས་ལ་རླུང་ལྟར་གྲགས། ། དེ་ཕྱིར་ཇི་སྐད་བཤད་པ་ཡི། ། བརྡ་སྤྲོད་གཞུང་ལ་དང་པོར་སྦྱོངས། ། ཞེས་དམ་པ་རྣམས་ཀྱིས་ཕྱི་རབས་པར་ཡང་ཡང་ནན་གྱིས་སྐུལ་བ་ལྟར་དགེ་རྒན་ཚོས་ལག་ལེན་བཏབ་ཀྱིན་ཡོད་དུས། སློབ་མ་དག་ལས་དང་པོ་པ་ཤ་སྟག་ཡིན་ཕྱིར་གོ་བདེ་བ་དང་ཁ་གསལ་མོ་ཞིག་ཡོད་པ་ནི<དབྱངས་ཅན་གྲུབ་པའི་རྡོ་རྗེས>རྩ་བ་མཛད་ཅིང་། མཁས་དབང་རྡོ་རྗེ་རྒྱལ་པོས་རྩ་འགྲེལ་བྱས་པའི་>བསླབ་དེབ་འདི་ཉིད་ཡིན་པས་དང་པོ་རྨང་གཞི་ཡང་དེ་འདིའི་ཐོག་ནས་བཞག་མཁན་མང་ཤོས་རེད།
འདི་ན་ངས་དེ་རིང་ཞུ་འདོད་པ་ནི་སུམ་ཅུ་པའི་གཞུང་ལས་གཙོ་བོར་བསྟན་པའི་རྣམ་དབྱེ་བཞི་པའི་གོ་དོན་ལ་གསལ་བཤད་དགོས་ཚུལ་དེ་རེད།
གསལ་བཤད་འདི་ཚན་པ་གཉིས་ཀྱི་སྒོ་ནས་ཞུ་རྒྱུ་བྱེད།
ཚན་པ་གཉིས་གང་རེད་ཅེ་ན། གཞུང་(༡)ལས་བསྟན་པའི་རྣམ་དབྱེ་བཞི་པའི་གོ་དོན་དང་། དེར་འགྲེལ་པ་རྒྱག་པའི་གཞུང་(༢) ལྟར་དགེ་རྒན་ཚོས་སློབ་མ་ཚོར་བསླབ་སྟངས་གཉིས་ཁ་ཁ་སོ་སོར་ཆགས་འདུག
གཞུང་གི་རྩ་བར། •ལས་དང་ཆེད་དང་རྟེན་གནས་དང་། ། • ཞེས་པའི་རྩ་ཚིག་གི་དང་སྒྲ་རྣམས་རང་སོར་བཞག་རྗེས་ <ལས><ཆེད><རྟེན་གནས> ཞེས་པའི་མིང་ཅན་གསུམ་ངང་གིས་འབྱུང་ཡོང་བ་སྨོས་མེད་རེད།
དེ་ཡིན་དུས་འདི་དག་གི་གོ་དོན་དང་མཚོན་ཐབས་ཀྱང་ཁ་ཁ་སོ་སོར་གྱུར་ཡོད། ངས་འདི་ན་དེ་དག་རེ་རེ་ཡི་བསྟན་དོན་བཤད་མ་བཤད་མི་འདུག་སྐབས་བབས་ཀྱི་བཤད་བྱ་ནི་རྣམ་དབྱེ་བཞི་པ་ཡིན་ན་འདི་ལ་རགས་ཙམ་བཤད་ཨུ་ཤེས་ལྟ། ཆེད་ཅེས་པའི་དོན་ནི་ང་ཚོས་དུས་རྒྱུན་ངག་ཐོག་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དེ་ལ་གོ་རྒྱུ་རེད། དཔེར་ན། བྱ་བ་འདི་གང་གི་ཆེད་ཡིན་ལྟ་བུ། རང་དབང་རྩོད་པ་ཅི་ཡི་ཆེད་ལྟ་བུ་རེད། རྩ་བ་ལས་ཆེད་ཅེས་པས་རྣམ་དབྱེ་བཞི་པའི་གོ་དོན་ཟེར་བ་ཡིན་ན་འདྲ་ངོ་བོ་ཡིན་ན་འདྲ་ཆ་ཚང་འདི་ཡིས་གསལ་བར་བསྟན་ཡོད་ཅིང་། འདི་ལ་ལ་དོན་གྱི་ཕྲད་སྦྱོར་ཚུལ་ལྟར་དུ་ཡིག་སྦྱར་བ་ན་རྣམ་དབྱེ་བཞི་བའི་དོན་ཅན་ཡིན། ཆེད། ཕྱིར། སླད། དོན། ཞེས་པ་རྣམ་གྲངས་ཤིག་ཡིན། རྣམས་གྲངས་ནི་དོན་གཅིག་ལ་གྲངས་ཀ་སོ་སོར་དགར་བའི་གོ་བ་ཡིན། དེས་ཕྱིར་མཁས་པ་རྣམས་ཀྱིས་ཆེད་ཕྱིར་སླད་དོན་གྱི་སྒྲ་ཡོད་ན་རྣམ་དབྱེ་པ་ཡིན་པ་འཁྲུལ་མེད་རེད་ཅེས་རྗོད་པ་ནང་བཞིན་ཡུལ་གང་ལ་ <ཆེད་དུ> <སླད་དུ><ཕྱིར་དུ> <དོན་དུ> ཞེས་བྱ་བའི་སྒྲ་ཡོད་ན་དེ་ལ་རྣམ་དབྱེ་བཞི་པའི་དོན་ཅན་གསུངས་པའང་བཀའ་གནད་དེ་ལ་ཐུག་པ་རེད། གཞུང་ལས་བཞི་པའི་(༣)གོ་དོན་དང་མཁས་དབང་སི་པྲ(༤) སོགས་ཀྱི་བཞད་དོན་དེ་ལྟར་ཡིན་པ་རེད། མ་ཚད། རྩ་འགྲེལ་ལས་བཞི་པའི་གོ་དོན་ནི། བྱེད་པ་པོ་གང་ཞིག་གིས་བྱ་བ་བྱེད་པའི་ཚེ་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པའོ། ། ཞེས་གསུངས་ཡོད་པ་རེད། མུ་ཏིག་ཕྲེང་མཛེས་ལས་ཀྱང་<བྱ་བ་གང་ཞིག་གི་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་གྱི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་ནི་རྣམ་དབྱེ་བཞི་པའོ། ། > ཞེས་ཁ་གསལ་བོའི་སྒོ་ནས་བསྟན་ཡོད་ནའང་། >
དེང་སྐབས་རྡོ་རྗེ་རྒྱལ་པོའི་ལེགས་བཤད་ལྗོན་དབང་རྩ་འགྲེལ་ལས་བཞག་པའི་གོ་དོན་དེ་དག་དགེ་རྒན་ཚོས་བཀྲལ་ཚུལ་ལ་གསལ་བཤད་དགོས།
ཚན་པ་གཉིས་སུ་བཀར་པ་ལས་ཚན་པ་གཅིག་དེ་ཞུས་ཟིན།
ད་ཚན་པ་གཅིག་ཤོས་དེ་རེད། གོ་དོན་ལས་འབྱུང་བའི་<ཕན་ཐོགས> ཞེས་པ་ནི་དགེ་རྒན་མང་ཆེ་ཤོས་ཀྱིས་གནོད་པའི་ལྡོག་ཚིག་གི་ཕན་པ་ལ་འགྲེལ་བཤད་རྒྱག་གིན་འདུག དེ་ནི་ཚོད་བཤད་དང་ཚོད་བགོམ་ཙམ་མ་ཡིན་པར་རང་གིས་དངོས་སུ་སྒྲའི་དགེ་རྒན་དང་མཁན་པོ་བསྟེན་མྱོང་ཡོད་པ་རྣམས་ཀྱིས་བཙན་བཙན་རྒོད་རྒོད་ཀྱིས་གོང་ནས་བཤད་པ་ལྟར་ཕན་གནོད་གཉིས་ཀྱི་ཕན་པ་ལ་འགྲེལ་བཤད་རྒྱག་འགྲོ དཔེར་ན། རྟ་གསོད་ཆེད་དུ་བདག་པོས་རྟ་ལ་དུག་བླུགས། ལྟ་བུ་རིགས་མཚུངས་ཀྱི་དཔེར་བརྗོད་མང་པོ་ཞིག་དེ་ལྟར་འགྲེལ་ས་མི་འགྲོ་བཞིན་ཨུ་ཚུགས་ཀྱིས་བྱེད་ཆེ་ཐུབ་ཆུང་ཐུབ་ཀྱིས་སློབ་མ་ཚོར་འགྲེལ་བཤད་གནང་གིན་ཡོད། དེ་ནི་རང་གིས་བསམ་ན་རྩ་བའི་བསྟན་དོན་དང་གཞི་ནས་འགལ་སོང་བ་ཞིག་ཏུ་འདོད་ཀྱིན་ཡོད།
རྩ་བ་(༥)དང་འགྲེལ་བ་ལས་བཞི་པའི་གོ་དོན་ཕན་ཐོགས་ཡོད་མེད་ཀྱི་རྣམ་གཞག་ནི་ཆེད་དུ་བྱ་བའི་དོན་ཁོ་ན་ལ་འཇུག་པ་ཡིན་གྱི་གནོད་པའི་ལྡོག་ཚིག་ལ་འགྲོ་བའི་ཕན་པ་ལ་གོ་བ་གཞི་ནས་མིན། དེ་ཡང་གོང་ནས་བཤད་ཟིན་པ་ལྟར་སློབ་དཔོན་གྱིས་རྩ་བའི་དགོངས་དོན་དང་དེའི་རྗེས་འཇུག་གི་མཁས་པ་སི་པྲ་རྣམས་ཀྱི་འགྲེལ་པ་ལས་ཇི་ལྟར་བཞད་པར་གཞིག་རྒྱུ་གལ་ཆེ་ཤོས་སུ་ཆགས། དེ་ལས་•ལས་ལ་ཕན་འདོགས་པར་འགྱུར་བའི<དོན་གྱི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ> ཞེས་གསུང་པ་ནང་བཞིན་རེད།
ཤིང་ལ་ཆུ་འདྲེན་ལྟ་བུར་དཔེར་མཚོན་ནས་བཤད་ན། དགེ་རྒན་ཚོས་དེ་ཉིད་བཞི་པའི་གོ་དོན་དང་སྦྲག་ནས་བཤད་ཡོང་དུས་ཆུ་འདྲེན་པ་ཡིན་ན་ཡལ་ག་རྒྱས་པ་ལ་ཕན་ཐོགས་འགྲོ་བ་ཡིན་པས་བཞི་པ་འཇུག་ཅེས་ཕན་གནོད་གཉིས་ཀྱི་ཟླས་ཕྱེས་བའི་ཕན་པ་ཁོ་ནའི་ཆ་ནས་བཞི་པར་བཞག
དེ་ཙམ་མ་ཡིན་པར་སྐབས་དེའི་ཕན་པ་ནི་ཆེད་དུ་བྱ་བའི་དོན་དུ་བཀྲལ་ཅིང་འདྲེན་པའི་བྱ་བ་གང་ནི་ཡུལ་ཤིང་གི་ཆེད་དུ་བྱས་ལ་དོན་ཅན་དེ་ལྟ་བུ་ལ་དགོས་ཆེད་གསལ་བྱེད་ཀྱི་སྒྲ་ཡང་འཇུག་ནའང་དུ་ཡིག་ནི་བསྟན་བྱེད་དངོས་ཡིན་ནོ། །
སློབ་མ་རྣམས་ནི་སོ་སོའི་དགེ་རྒན་ལ་དད་འདུན་ཟབ་ཅིང་ལྷག་པར་དུ་ཡ་རབ་ཀུན་སྤྱོད་ལྡན་པའི་སློབ་མ་ཚོས་དགེ་རྒན་གྱིས་ཅི་གསུང་བཀའ་བཞིན་བརྩི་ལ། དེས་ན་ཁོ་ཚོས་ཀྱང་དགེ་རྒན་གྱིས་ཅི་གསུངས་ཐམས་ཅད་ལོས་ཡིན་ལོས་བདེན་སྙམ་ཞིང་། དེ་རིང་གི་སློབ་ཚན་ལ་བརྟག་ཅིང་དཔྱད་མཁན་རེ་ཉིས་ལས་མེད། བརྟག་དཔྱད་མི་བྱེད་པའི་ལུགས་འདི་རྨོངས་རྟགས་ཤིག་ཡིན་མོད་ཀྱང་བརྟག་དཔྱད་བྱེད་པའི་ཚད་ལ་ཐོན་དུས་དགེ་རྒན་གྱིས་རེ་རེ་བཞིན་བསླབ་པའང་ཉུང་ཉུང་ཡིན། རྒྱུ་རྐྱེན་དེ་ལྟ་བུ་ཁྲོད་ནས་སློབ་ཚན་མང་པོ་ཞིག་དང་སློབ་མ་མང་པོ་ཞིག་དགེ་རྒན་གྱིས་སྐྱེད་སྲིང་བྱེད་ཀྱིན་པ་ལགས་ན་སློབ་ཚན་ནམ་གཞུང་ལུགས་དང་འགལ་ཟླ་སོང་བ་དེ་འདྲ་འགྲེལ་བཤད་བྱས་པ་ཡིན་ན་ཤིན་ཏུ་ཚབས་ཆེན་བའི་གནས་སུ་གྱུར་ཡོད།
•མཆན།
གཞུང་ (༡) སློབ་དཔོན་གྱི་རྩ་གཞུང་ལ་གོ་རྒྱུ་རེད།
འགྲེལ་གཞུང་ (༢) དབྱངས་ཅན་གྲུབ་རྡོའི་རྩ་འགྲེལ་ལེགས་བཤད་ལྗོན་དབང་ལ་གོ་རྒྱུ་རེད།
གཞུང་ (༣) སློབ་དཔོན་གྱི་རྩ་གཞུང་ལ་གོ
སི་པྲ (༤) མཁས་པའི་དབང་པོ་སི་ཏུ་པཎ་ཆེན་དང་། པྲ་ཏི་རིན་ཆེན་དོན་འགྲུབ་མཆོག་གཉིས་ལ་གོ
རྩ་བ ( ༥ ) བཀའ་གནད་གསལ་མེ་རྩ་ཚིག་ལ་གོ
~< དེ་ལས། ཕན་ཐོགས་ཡོད་ན་བཞི་པ་སྟེ། ། >>ཞེས་སོ། །