ཤེས་རབ་ཅན་གྱིས་དགའ་རོགས་སྒྲིག་སྟངས།
ཡིག་སྒྱུར་བ། བསོད་ཐར།
ཁ་བྱང་དུ (མར་ཁེ་སི་ཡིས་སྲས་མོ་ཡན་ནིག་ལ་དགའ་བ་སློང་བ)ཞེས་བཀོད་ཡོད། དོན་ནི་ཕན་ཚུན་ལ་བཅང་བའི་བརྩེ་བ་དངོས་མ་དེ་བདེན་པ་བདེན་ཐུག་གི་སྒོ་ནས་ཤེས་སུ་བཅུག་པ་དང་ངོས་ལེན་བྱ་ཐབས་ཀྱི་གོ་རིམ་ཞིག་ཡིན།
སྐུ་ཞབས་མར་ཁེ་སི་ཡིས་སེམས་ཀྱི་ཟབ་ས་ཞིག་ནས་རང་ཉིད་དང་རྒྱུན་དུ་འབྲེལ་འདྲེས་ཆེ་བའི་སྲས་མོ་ཡན་ནིག་ལ་ཧ་ཅང་དགའ་མོད། འོན་ཀྱང་། ཁོ་རང་གིས་དུས་རྒྱུན་དུ་སྲས་མོ་ཡན་ནིག་ལ་བྱ་ཐབས་གང་འདྲ་ཞིག་གི་ཕྱོགས་ནས་དགའ་བ་དེ་དཀར་འདོན་བྱེད་ཐུབ་མིན་ལ་བསམ་གཞིག་དང་སེམས་འཚབ་ཆེན་པོ་གནང་མྱངས།མ་ཟད། ཁོ་རང་ཆེས་སྐྲག་ས་ཞིག་ཡོད་པ་ནི་སྲས་མོ་ཡན་ནིག་ལ་ཁོ་རང་གིས་དགའ་བ་དེ་དཀར་འདོན་བྱེད་ཐུབ་རུང་བྱས་རྗེས་བཟང་རེ་ངན་གྱུར་དང་སྲས་མོས་མཐིལ་མཐའ་གསལ་རྟོགས་ཤིག་ཡོང་མིན་ལ་དོགས་གཞི་ཆེན་པོ་སྐྱེས།སྐབས་རེར་མཛེས་སྡུག་ལྡན་པའི་སྲས་མོ་ཡན་ནིག་གིས་ཁོ་ལ་བཅངས་བའི་བརྩེ་འདང་ནི་ཅི་འདྲ་ཞིག་ཡིན་མིན་ལ་ཁོས་ཧ་ཅང་ཤེས་ན་འདོད་ཀྱིན་ཡོད། དེ་ལྟར་ཁོས་བསམ་བློ་ཡར་མར་མང་བོ་ཞིག་བཏང་རྗེས་ངལ་བ་དོན་མེད་དུ་མ་སོང་བ་སྲས་མོ་ཡན་ནིག་ལ་དགའ་བ་མཚོན་པའི་ཐབས་སྐོར་ལེགས་པོ་ཞིག་རྙེད།
ཉིན་ཞིག་ལ། འཇམ་ཐིང་ཐིང་གི་མེ་ཏོག་སྣ་བརྒྱ་བཞད་པའི་ལྡུམ་ར་ཞིག་ཏུ་སྐུ་ཞབས་མར་ཁེ་སི་དང་སྲས་མོ་ཡན་ནིག་
གཉིས་ནི་མ་གྲོས་རང་མཐུན་ལྟར་མཉམ་འཛོམས་བྱུང་།སྐབས་དེར། མར་ཁེ་སི་ཡིས་སྲས་མོ་ཡན་ནིག་ལ་བཤད་ནས་ངའི་སེམས་ཀྱི་ཟབ་ས་ཞིག་ནས་ཡིད་དུ་འོང་བའི་སྲས་མོ་ཞིག་ལ་རྣམ་དག་གིས་དགའ་སོང་། མོ་ནི་ཧ་ཅང་མཛེས་སོ་ཞེས་བཤད། སྲས་མོ་ཡན་ནིག་གློ་བུར་དུ་སྔང་འཚབ་དང་བཅས་ཅི་འང་མི་དོན་པའི་ངང་འཕྲལ་དུ་འདྲི་རྒྱུ། སྐུ་ཞབས་ཁྱེད་ཀྱིས་དགའ་མྱོང་བའི་སྲས་མོ་དེ་ཅི་འདྲ་ཞིག་འདུག་གམ།མོའི་གཤིས་རྒྱུད་དང་། ལང་ཚོ། ཆ་རྐྱེན་སོགས་གང་འདྲ་རེད། ང་ལ་མ་གསང་དྲང་མོ་ཞིག་བཤད་རོགས་ཞེས་བཤད།མར་ཁེ་སི་ཡིས་བཤད་ནས་མོ་རང་ནི་ངས་འཇིག་རྟེན་ཐོག་ནས་མཐོང་བའི་བུད་མེད་ཡོད་ཚད་ཀྱི་ནང་ནས་ཆེས་ཡག་ཤོས་དེ་ཡིན། ངས་མོའི་ལུས་ངག་ཡིད་གསུམ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་ངས་ཚེ་གཅིག་ལུས་གཅིག་ཏུ་མོ་རང་ལ་དགའ་བ་ཁེས་ལེན་བྱ་ཐུབ་ངེས་ཤིག་ཆགས་ཡོད་ཅེས་བཤད།
སྲས་མོ་ཡན་ནིག་གི་སེམས་སུ་གནོན་ཤུགས་ཆེན་པོས་ཁེངས་ཤིང་སྐུ་ཞབས་ལ་ཟེར་ནས་དེས་ན་ཁྱེད་རང་ལ་རྟེན་འབྲེལ་གྲངས་མེད་ཞུ་བ་ཡིན། མ་ཟད་ཁྱེད་ཀྱི་མ་འོངས་པའི་འཚོ་བ་ལ་འོད་སྟོང་ལྡན་པའི་སྨོན་འདུན་ཡང་ཞུ་བཞིན་ཡོད་ཅེས་བཤད།སྐུ་ཞབས་མར་ཁེ་སི་ཡིས། དེས་ན་ཁྱེད་ཉིད་ཀྱིས་མོའི་མཛེས་སྡུག་ལྡན་པའི་རྣམ་པ་དེ་མཐོང་ན་མི་འདོད་དམ། ངས་དུས་རྒྱུན་དུ་ལུས་དང་འབྲེལ་མེད་ངང་མོ་རང་གི་འདྲ་པར་ཡག་མོ་ཞིག་ཁྱེར་ནས་ཡོད་ཅེས་ཤོད་བཞིན་ཤོད་བཞིན་ཁོ་རང་གི་གློ་ཁུག་གཡས་པ་ལས་རྒྱུ་སྤུས་མཛེས་པའི་སྒོམ་ཆུང་གྲུ་བཞི་མ་ཞིག་བླངས་ནས་སྲས་མོ་ཡན་ནིག་གི་ལག་ཏུ་བཞག སྲས་མོ་ཡན་ནིག་གིས་སྒོམ་ཆུང་དེའི་ཕྱི་སྤུས་ཀྱི་ཚོན་མདོག་དང་བརྐོས་རིས་ལ་ཞིབ་ཏུ་བལྟས་རྗེས་ཧ་ཅང་མཚར་སྣང་ལྡན་པའི་སྒོ་ནས་སྒོམ་ཆུང་དེ་དལ་མོ་ངང་ནས་ཁ་ཕྱེས།སྒོམ་ཆུང་དེའི་ནང་ངོས་ན་གསལ་དྭངས་དྭངས་ཀྱི་མེ་ལོང་ཆུང་ཆུང་ཞིག་སྦྱར་ཡོད་པ་ལས་གཞན་ཡ་མཚར་བ་ཅིའང་མི་འདུག སྲས་མོས་ཞིབ་ཏུ་བལྟས་ཚེ་མེ་ལོང་གི་ངོས་སུ་མོ་རང་གི་ངོ་གདོང་དེ་དགོད་འཛུམ་འཛུམ་ངང་ཤར་འདུག མ་གཞི་མར་ཁེ་སི་ཡིས་རྒྱུན་དུ་ཁྱེར་བའི་སེམས་ནང་གི་འདྲ་པར་ནི་ད་ལྟ་འཆར་བཞིན་པའི་དགོད་འཛུམ་འཛུམ་གྱིས་ཁེངས་བའི་སྲས་མོ་ཡན་ནིག་གི་ངོ་གདོང་དེ་ཡིན།ཁོས་འདི་ལྟར་སྐོར་ནས་བཤད་པའང་བརྩེ་དུང་གི་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་གཅིག་བསྐྲུན་ན་འདོད་པ་ལོས་ཡིན།
མི་སྣ་གྲགས་ཅན་ཞེས་པའི་ལོ་རྒྱུས་ལས་བཤུས།