༄༅།།བུད་མེད་རྣམས་སྐྱེས་པ་ལས་མཆོག་གོ། དུང་དཀར་ཡོན་ཏན་རྒྱ་མཚོ།
༡ ཁྱོས་ཤ་ཤེད་ཞན་པའི་ལུག་དང་བཞོ་རྒྱུ་ཡོད་པའི་འབྲུ་མོ་སོགས་ཉོས་ཏེ་ཁོ་མོར་སྤྲད་པ་ན། ཁོ་མོས་ལུག་འཚོས་ནས་འཕེལ་ཁ་དར་བར་བྱེད་ལ་འབྲུ་མོ་བཞོས་ཏེ་ཁྱིམ་ཚང་གི་ཁ་གསོ་བར་བྱེད། ༢ ཁྱོས་བལ་དང་རྩིད་པ་བྲེག་ཏེ་ཁོ་མོའི་ལག་ཏུ་བཞག་པ་ན། ཁོ་མོས་ཞིབ་ཚགས་ལྡན་པའི་ངང་ནས་དེ་འཐག་ཅིང་ཁྱིམ་མི་གང་བོ་སྐྱིད་ལ་རོལ་སའི་སྦྲ་ནག་བཟོ་བར་བྱེད་པར་མ་ཟད། ཆར་ཆུ་དང་གྲང་ངར་འགོག་པའི་ཕྱིང་ལྭ་དང་ཕྱིང་ཞྭ་སོགས་བཟོ་བར་བྱེད།
༣ ཁྱོས་ཐབ་ཚང་གི་ཡོ་བྱད་འགའ་ཉོས་ན། ཁོ་མོ་ཚོས་དུས་རྒྱུན་ནམ་ཡང་ན་ཚེ་གང་བོར་ཁྱེད་ལ་རོ་བཅུད་ལྡན་པའི་ཟས་གཡོ་སྐོལ་བྱེད་པ་རེད།
༤ ཁྱོས་ཁོ་མོ་ཚོའི་ལག་ཏུ་འབྲུ་རིགས་ཀྱི་ས་བོན་བཞག་ན། ཁོ་མོ་ཚོས་དེ་ལེགས་པར་བསྐྱང་སྟེ་སྟོན་ཁར་དེ་ལས་མང་བའི་འབྲས་བུ་ཕྱིར་རང་ཁྱིམ་ལ་བསྡུ་བར་བྱེད།
༥ ཕར་ལྭ་རྙིང་རེ་བྱིན་ན་ཚུར་གཙང་མ་གྲ་དག་རེ་སྟེར་ངེས།
༦ ཕར་ཤ་ཚ་བའི་སྙིང་གཏམ་གཅིག་བཤད་པར། ཚུར་ཡོད་ཚད་ནས་ཡོད་ཚད་སྟེར་རོ།།
༧ ཕར་སྦྲ་ནག་སྟོང་བ་དང་རོང་ཁང་སྟོང་བ་ཞིག་བྱིན་ན། ཚུར་དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་སྟེར་རོ།། གང་ལྟར་ཕར་ཅི་ཞིག་སྟེར་ཡང་ཚུར་དེ་ལས་ལྷག་ཅིང་དེ་ལས་མང་པ་ཞིག་སྟེར་བ་ནི་གདོན་མི་ཟའོ།།